སྲ་མཁྲེག་ཅན་གྱི་གད་སྙིགས་རིགས་ཤིག་གཡུག་སྐབས་ཉེས་ཆད་མི་ཕོག་པ་བྱེད་ཐབས།

ཨོ་སི་ཊོ་ལི་ཡའི་ནང་ས་གནས་གྲོང་སྡེ་ལྷན་ཁང་མང་ཆེ་བས་ཁྱིམ་ཆས་སོགས་བེད་མེད་ཅ་དངོས་གད་སྙིགས་ (Hard Rubbish) རྣམས་ཁྱིམ་ཚང་གི་སྒོ་རྩ་ནས་དབོར་འགྲོ་བའི་རིན་མེད་ཞབས་ཞུ་སྒྲུབ་བཞིན་ཡོད་པ་རེད། ཡིན་ན་ཡང་དུས་ཚོད་ག་དུས་དང་གད་སྙིགས་ཀྱི་རིགས་གང་འདྲ་རིན་མེད་དབོར་འགྲོ་བཞིན་ཡོད་མེད་སྒྲིག་གཞི་ཡོད་པ་རེད། འདི་ནས་དགོས་མཁོ་མེད་པའི་ཅ་དངོས་དེ་ཚོ་འགན་འཁུར་ལྡན་པ་དང་བདེ་འཇགས་ཐོག་ནས་གང་འདྲ་བྱེད་ནས་གཡུག་དགོས་མིན་སྐོར་འགྲེལ་བརྗོད་བྱས་ཡོད།

SG hard rubbish photo post.png
ཉེ་བའི་ཆར་སྙན་ཐོ་ཞིག་གི་ནང་ཨོ་སི་ཊོ་ལི་ཡ་ནི་འཛམ་གླིང་ནང་གད་སྙིགས་ཕོན་ཆེ་ཤོས་བཟོ་མཁན་རྒྱལ་ཁབ་ཨང་གསུམ་པ་དེ་ཆགས་ཡོད་འདུག གད་སྙིགས་མང་ཆེ་བ་ནི་མཐའ་མར་ས་ཐོག་ཏུ་སྤུངས་བཞིན་ཡོད་འདུག

གད་སྙིགས་དེ་དག་ནི་ས་གནས་གྲོང་སྡེ་ལྷན་ཁང་གིས་དབོར་འགྲོ་བཞིན་པའི་ཁྱིམ་ཚང་ཁག་གི་དགོས་མཁོ་མེད་པའི་ཅ་དངོས་སོགས། གད་སྙིགས་མཁྲེག་པོ་རྣམས་ཚུད་ཡོད་པ་རེད།

ཨ་ལེ་ཇི་དྷ་ར་ལགས་ནི་Alejandra རྒྱུ་སྐར་གྱི་གྲུང་གཟེངས་ Planet Ark ཞེས་པའི་གད་སྙིགས་བསྐྱར་སྤྱོད་ལས་འགུལ་སྤེལ་མཁན་གྱི་ཁེ་མེད་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གི་འགན་འཁུར་མི་སྣ་རྒན་པ་ཞིག་རེད། 

ཁོ་མོས་ཁྱིམ་ཆས་ཀྱི་རིགས་ནི་ག་རེ་བྱས་ནས་གད་སྙིགས་བསྐྱར་སྤྱོད་བྱེད་བཞིན་མེད་པའི་དཔེ་མཚོན་ཞིག་རེད་ཅེས་གསུངས་འདུག

ཁོ་མོས་ཁྱིམ་ཆས་ཁག་ནི་གད་སྙིགས་བསྐྱར་སྤྱོད་བྱེད་མི་ཐུབ་པའི་དཔེ་མཚོན་ཡག་ཤོས་ཤིག་རེད། གལ་སྲིད་ཁྱེད་རང་གི་ཁྱིམ་ཆས་ཤིག་གང་འདྲ་བྱས་ནས་བཟོས་པ་རེད་བསམ་བློ་གཏོང་བ་ཡིན་ན། དེ་ཚོ་རྒྱུ་ཆ་མི་འདྲ་བ་སྣ་ཚོགས་ལས་གྲུབ་ཡོད་པ་རེད། དཔེར་ན་སོབ་ཧྥ་ Sofa ཅིག་ལ་བསམ་བློ་གཏོང་བ་ཡིན་ན། ཕལ་ཆེར་གཞི་གདན་དང་སྒྲོམ་གཞི་རྣམས་ཤིང་གིས་བཟོས་ཡོད་པ་རེད། མཐའ་འཁོར་དུ་རས་ཀྱིས་གཏུམ་ཡོད་པ་རེད། ད་དུང་དེ་ལ་རྒྱུ་ཆ་རིགས་འདྲ་མིན་ཞིག་བེད་སྤྱོད་བྱས་ཡོད་པ་རེད། དེར་བརྟེན་ཅ་དངོས་དེ་བསྐྱར་དུ་བེད་སྤྱོད་ཡག་པོ་ཞིག་གཏོང་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ་རེད། ཅ་དངོས་དེ་མཐའ་མར་ས་ཐོག་ཏུ་གཡུག་དགོས་འཁེལ་གྱི་ཡོད་པ་རེད་ཅེས་གསུངས་འདུག 

སིཌ་ནིང་ནང་བྷེ་ལཱ་ཁེ་ཊོན་ས་གནས་གྲོང་ཁྱེར་ལྷན་ཁང་ Blacktown City Council ནི་ཨོ་སི་ཊོ་ལི་ཡའི་ནང་ཁྱིམ་ཚང་གི་སྒོ་རྩར་ནས་གད་སྙིགས་བསྐྱར་དུ་བེད་སྤྱོད་དང་ཡང་ན་བསྐྱར་བཅོས་མི་ཐུབ་པའི་ཁྱིམ་ཆས་ཅ་དངོས་རྣམས་དབོར་འགྲོ་མཁན་ཞིག་ཡིན། ཁོང་ཚོས་གད་སྙིགས་དབོར་སྐྱེལ་ཉིན་མོར་ཁྱིམ་ཚང་སོ་སོས་སྔོན་ནས་མངག་བཅོལ་ཐོ་འགོད་བྱེད་དགོས་པའི་ལམ་ལུགས་ཤིག་བཟོས་ཡོད། 

མཱ་རེ་ཨ་ Maria Hondrogiannis ལགས་ནི་གྲོང་སྡེ་ལྷན་ཁང་གི་ལམ་ལུགས་དང་ལས་འཆར་གྱི་འགན་འཁུར་བ་ཞིག་ཡིན། ཁོ་མོས་ལས་དོན་གང་འདྲ་བྱེད་བཞིན་ཡོད་མེད་འགྲེལ་བརྗོད་གནང་དོན། 

ང་ཚོས་ཁ་པར་ཐོག་ནས་ཞབས་ཞུ་དེ་སྒྲུབ་བཞིན་ཡོད། དེར་བརྟེན་ཁྱིམ་ཚང་ཁག་ནས་ང་ཚོར་ཁ་པར་གཏོང་བའམ་ཡང་ན་དྲ་ཐོག་ནས་འབྲེལ་གཏུགས་བྱས་ཚེ་ང་ཚོས་དུས་ཚོད་རྗེས་མར་ག་དུས་ཞབས་ཞུ་དེ་སྒྲུབ་ཐུབ་ཀྱི་ཡོད་མེད་དུས་ཚོད་གཏན་འཁེལ་དང་ཐོ་འགོད་བྱེད་བཞིན་ཡོད།

གྲོང་ཁྱེར་ལྷན་ཁང་ཁ་ཤས་ཀྱིས་དུས་ཚོད་རེས་མོས་དང་ཡང་ན་དུས་ཚོད་གཏན་འཁེལ་ཅིག་ལ་བཟོ་བཞིན་ཡོད་པ་རེད། ང་ཚོས་དེ་འདྲ་བྱེད་བཞིན་མེད་པར་བྷེ་ལཱ་ཁེ་ཊོན་གྲོང་སྡེ་ལྷན་ཁང་ནས་ལོ་གཅིག་ལ་ཐེངས་ ༡༢ ཙམ་གཙང་བཟོ་བྱེད་བཞིན་ཡོད་པས་མ་ཚད། གནས་སྡོད་བྱེད་མཁན་ཚོས་ཐོ་འགོད་དང་རེ་སྐུལ་ཞུས་པ་ཡིན་ན་ང་ཚོས་གད་སྙིགས་དབོར་ལེན་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

གྲོང་མི་ཚོས་སྲ་མཁྲེགས་ཅན་གྱི་གད་སྙིགས་གཙང་སེལ་ཞབས་ཞུ་རེ་སྐུལ་དང་ཡང་ན་དུས་བཀག་ལྟར་བསྡུ་རུབ་བྱེད་སྐབས་གྲོང་མི་ཚོས་ཅ་རྐྱེན་ངེས་ཅན་ཁག་ལ་བརྩི་སྲུང་བྱེད་དགོས་ཀྱི་ཡོད་པ་རེད། དེ་ཡང་གད་སྙིགས་ཀྱི་གྲངས་འབོར་དང་གད་སྙིགས་ཀྱི་རིགས། ད་དུང་གད་སྙིགས་འདོར་སྟངས་སོགས་ཚུད་ཡོད།

གད་སྙིགས་གང་ཞིག་གང་འདྲ་བྱེད་ནས་གཡུག་ཆོག་དང་མི་ཆོག་སོགས་སྒྲིག་གཞི་མ་འདྲ་བ་མ་འདྲ་བ་ཡོད་པས་ཁྱེད་རང་ལ་ཉེས་ཆད་མི་ཕོག་ཆེད་ས་གནས་གྲོང་སྡེ་ལྷན་ཁང་ཁག་གི་འགྲེལ་བརྗོད་ལ་བལྟ་དགོས་པ་ཡིན། 

ལྕམ་མཱ་རེ་ཨ་ Maria ལགས་ཀྱིས་བྷེ་ལ་ཁེ་ཊོན་དང་ས་གནས་གྲོང་སྡེ་ལྷན་ཁང་གི་ཁྱབ་ཁོངས་མང་ཆེ་བའི་ནང་གད་སྙིགས་གཡུག་སྟངས་ཐད་གཙོ་དོན་ཁག་ཅིག་འགྲེལ་བརྗོད་གནང་དོན། 

གཡུག་རྒྱུ་ཡིན་པའི་ཅ་དངོས་རྣམས་གད་སྙིགས་བསྡུ་རུབ་མ་བྱས་པའི་ཉིན་གཅིག་གི་སྔོན་ལ་མ་གཏོགས་རང་བྱུང་གི་ཁོར་ཡུག་ཐོག་ལ་འཇོག་མི་རུང་། དེས་ཁྱིམ་མཚེས་ཚོས་ཁྲིམས་འགལ་གྱི་གད་སྙིགས་རྣམས་དེའི་ཐོག་ལ་མི་སྤུངས་ཆེད་དང་ཁྲིམས་འགལ་གྱི་གད་སྙིགས་སྤུངས་ནས་སྒྲིག་འགལ་མི་ཡོང་བའི་ཆེད་དུ་ཡིན།  ང་ཚོས་རྒྱུན་དུ་གྲོང་མི་རྣམས་ལ་གད་སྙིགས་གཡུག་སྟངས་འགྲེལ་བརྗོད་བྱེད་བཞིན་ཡོད། གལ་སྲིད་གད་སྙིགས་གཡུག་སྟངས་སྒྲིག་འགལ་ཆགས་ཚེ་ཉེས་ཆད་ཨོ་སྒོར་ ༤༠༠༠ མན་ཕོག་སྲིད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཅ་དངོས་གང་ཞིག་བསྡུ་ལེན་བྱེད་བཞིན་ཡོད་མེད་གྲོང་ཁྱེར་ལྷན་ཁང་ཁག་ལ་ཁྱད་པར་ཡོད།

མེལ་བྷོན་གྱི་མེ་རེ་བྷི་ཁེ་གྲོང་སྡེ་ལྷན་ཁང་གིས་ཅ་དངོས་ཁག་ཅིག་སྤྱིར་བཏང་སྲག་མཁྲེག་གད་སྙིགས་སུ་བརྩི་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

སྲ་མཁྲེག་གད་སྙིགས་ནང་དཔེར་ན་ཁྱིམ་ཆས་ཁག་དང་། ཉལ་གདན། ད་དུང་གོས་འཁྲུ་འཕྲུལ་ཆས་དང་ཕོར་པ་འཁྲུ་ཆས། གྲང་གློག འཁྱག་སྒམ་རིགས། ད་དུང་ས་གདན་རིགས། མི་བཟོས་པང་ལེབ་དང་ཤེལ་སྒོ་རིགས་ནི་བསྐྱར་སྤྱོད་མི་རུང་བའི་སྲ་མཁྲེག་གད་སྙིགས་ཀྱི་རིགས་སུ་བརྩི་བཞིན་ཡོད་སྐོར་བརྗོད་འདུག

ཨར་ལས་རྒྱུ་ཆ་ཚུད་པའི་གད་སྙིགས་དེ་དག་སྲ་མཁྲེག་གད་སྙིགས་བརྩིས་ནས་དེ་དག་གང་བྱུང་དུ་འདོར་མི་རུང་། 

ཁོ་མོས་ཨར་ལས་རྒྱུ་ཆ་སོགས་ཅ་དངོས་དེའི་རིགས་ང་ཚོས་དབོར་ལེན་བྱེད་བཞིན་མེད། དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག་གང་ཡིན་ཟེར་ན་མི་མང་པོ་ཞིག་མགོ་འཐོམས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙམ་གལ་སྲིད་ཁྱེད་རང་གིས་ཁང་པ་བཟོ་བསྐྲུན་དང་བཟོ་བཅོས་རྒྱག་གི་ཡོད་ཚེ་གད་སྙིགས་ཆ་ཚང་ཕྱིར་ལ་སྤུངས་མི་རུང་། ཁྱེད་རང་གིས་གད་སྙིགས་དེ་དག་དམིགས་བསལ་གད་སྙིགས་ཞབས་ཞུའི་བརྒྱུད་ནས་གཡུག་དགོས་པ་ཡིན། ཁྱེད་རང་གི་དུས་རྒྱུན་གད་སྙིགས་བླུག་སྣོད་ནང་རྫས་འགྱུར་གྱི་རིགས་དང་། སྣུམ། དུག་གི་རིགས། ཚོན་བརྩི་རིགས་བླུག་ཆོག་གི་མེད། ད་དུང་མོ་ཊའི་འཁོར་ལོའི་རིགས་སོགས་གཡུག་ཆོག་གི་ཡོད་པ་མ་རེད་ཅེས་གསུངས་འདུག

ཝི་ཊོ་རི་ཡ་མངའ་སྡེ་ནི་གློག་ཆས་གད་སྙིགས་རིགས་ས་ཐོག་ཏུ་གཡུག་པར་བཀག་སྡོམ་བྱེད་མཁན་ཞིག་ཡིན། དེས་ཉེན་ཁ་འཕྲད་སྲིད་པས་ཡིན། དེ་ནི་ས་གནས་གྲོང་སྡེ་ལྷན་ཁང་གིས་གད་སྙིགས་བསྡུ་ལེན་སྐབས་གློག་ཆས་རིགས་ཀྱི་གད་སྙིགས་རིགས་ངོས་ལེན་བྱེད་བཞིན་མེད་པ་དང་ཞིབ་ཕྲ་གནས་ཚུལ་ཁོང་ཚོའི་དྲ་ཐོག་ལ་གཟིགས།

སྐུ་ཞབས་མཱ་ཊེ་ཇེ་ནི་ཝར་ Matt Genever ལགས་ཀྱིས་དེའི་ཐད་འགྲེལ་བརྗོད་གནང་དོན།

ཁོང་གིས་གློག་ཆས་ཀྱི་རིགས་དཔེར་ན། ཏར་སྐུད་དང་གློག་སྒམ་སོགས་གློག་ཆས་ཀྱི་རིགས་གད་སྙིགས་གཡུག་སར་ས་ཆར་གཡུག་ཆོག་གི་ཡོད་པ་མ་རེད། ཨོ་སི་ཊོ་ལི་ཡའི་ས་ཆ་གང་དུ་ཡིན་མིན་ལ་ཁྱད་པར་ཡོད་མ་རེད། གློག་ཆས་རིགས་ཀྱི་གད་སྙིགས་ཁྱེད་རང་གི་ནང་གི་གད་སྙིགས་བླུག་སྣོད་ནང་གཡུག་རྒྱུ་མེད། དཔེར་ན་བརྙན་འཕྲིན་དང་། གློག་མེ། སྐྲ་སྐམ་འཕྲུལ་ཆས། འཁྱག་སྒམ་སོགས་གད་སྙིགས་དེ་ཚོ་ས་ཆ་གཏན་འཁེལ་བྱས་པའི་ས་ཆར་མ་གཏོགས་གཞན་གད་སྙིགས་བླུག་ས་གང་བྱུང་དུ་གཡུག་ཆོག་གི་ཡོད་མ་རེད་ཅེས་གསུངས་འདུག

སྐུ་ཞབས་ཇེ་ནེ་ཝར་གྱིས་གྲོང་སྡེ་ལྷན་ཁང་གིས་དབོར་འདྲེན་བྱེད་ས་ས་ཆ་དེ་དག་ནི་གད་སྙིགས་བསྐྱར་སྤྱོད་དང་གློག་ཆས་རིགས་འདོར་ས་ཡག་ཤོས་ཡིན་སྐོར་བརྗོད་འདུག

ཁོང་གིས་གློག་ཆས་ཅ་ལག་ཆུང་ཆུང་རིགས་དཔེར་ན། གློག་མེ་དང་ཁ་པར་རིགས་སོགས་གཡུག་སར་ཧར་ཝེ་ནོར་མན་ Harvey Norman དང་ ཨོ་པི་སི་ཝོར་ཁེ་སི་ Officeworks དེ་ཚོར་གད་སྙིགས་དེ་རིགས་གཡུག་སའི་མཛོད་ཁང་ཡོད་པས་དེ་དག་དང་འདྲ་བར་ས་གནས་ཁག་སྟོང་ཕྲག་མང་པོར་གད་སྙིགས་ཅ་དངོས་དེ་རིགས་གཡུག་ས་ཡོད་པ་རེད་ཅེས་གསུངས་འདུག

མངའ་སྡེ་དང་ས་ཁུལ་ཁག་གིས་རྫས་འགྱུར་ཐེ་བའི་ཁྱིམ་ཚང་གི་དུག་ལྡན་དངོས་པོ་རིགས་བདེ་འཇགས་ཐོག་ནས་འདོར་བར་རིན་མེད་ཐོག་ལས་རིམ་ཞིག་ལག་བསྟར་བྱེད་བཞིན་ཡོད། སྐུ་ཞབས་ཇེ་ནེ་ཝར་ལགས་ཀྱིས་རྫས་འགྱུར་དང་དུག་ལྡན་གྱི་དངོས་པོ་དེ་རིགས་གད་སྙིགས་གཞན་ལས་ལོགས་སུ་དབྱེ་དགོས་ཀྱི་ཡོད་སྐོར་བརྗོད་འདུག

ཁོང་གིས་རྫས་འགྱུར་གྱི་རིགས་དཔེར་ན་གཙང་བཟོའི་ཡོ་ཆས་རིགས་དང་། བྷི་ལི་ཆེ་ Bleach སེན་མོ་ཚོན་རྩི་སོགས་དེ་ཚོ་ཉེན་ཁ་ཡོད་པའི་རིགས་ཡིན། གཞན་ཡང་འབུ་གསོད་ཆས་ཀྱི་དུག་ཆུའི་རིགས་དང་། ས་སྣུམ། རླངས་རྫས་ཀྱི་རིགས་དེ་ཚོ་ཡང་ཉེན་ཁ་ཡོད་པའི་ཐོན་རྫས་ཡིན་པས་དེ་ཚོ་ངེས་པར་དུ་ཁྱེད་རང་གི་གད་སྙིགས་བླུག་སྣོད་ནང་གཡུག་ན་མི་འགྲིག ད་དུང་དེ་ལས་གལ་ཆེ་བ་ཞིག་ལ་དེ་ཚོའི་རིགས་ཁྱེད་རང་གི་ཁང་པའི་ཆུ་འགྲོ་སའི་ཡུ་བ་ནང་རྩ་བ་ནས་བླུག་རྒྱུ་མེད། དེ་ཚོ་ངེས་པར་དུ་དམིགས་བསལ་གྱི་གད་སྙིགས་གཡུག་སར་གཡུག་དགོས་པ་རེད་ཅེས་གསུངས་འདུག

Share
Published 11 December 2022 9:08pm
Updated 11 December 2022 10:46pm
By Zoe Thomaidou
Presented by Sangyal Dorjee
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service