ཨོ་གླིང་གནས་མཁར་གསར་བོད་མིས་བོད་དོན་ཞུ་གཏུག་ལས་འགུལ་དུ་གློག་བརྙན་གཟིགས་འབུལ་ཞུས་པ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༦ ཉིན་ཨོ་སི་ཁྲུ་ལི་ཡའི་ས་གནས་གནས་མཁར་གསར་དུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་མི་རྣམས་ནས་བོད་མི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་རང་ཉིད་བདེན་དཔང་ངོ་སྤྲོད་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་སྟོན་བྱེད་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་པ་དང་སྦྲགས། དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་སྤེལ་ཡོད་འདུག

Tibet Film Newcastle Australia.jpg
དེ་ཡང་ཕྱི་དྲོའི་མཛད་སྒོའི་སྐབས་སུ་ནང་པ་ལ་བརྒྱུད་དེ་བོད་མི་རྣམས་བཙན་བྱོལ་དུ་བྲོས་ཚུལ་ངོ་སྤྲོད་བྱེད་པའི་དངོས་བྱུང་གློག་བརྙན། བོད། གངས་རིའི་སྟེང་གི་དམར་གསོད། ཅེས་པ་གཟིགས་འབུལ་ཞུས་ཡོད།

སྐབས་དེར་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་མི་ཡིན་པ་ཆབ་སྲིད་བཙོན་ཟུར་བློ་བཟང་ལུང་རྟོགས་ལགས་དང་། རིག་འཛིན་དབང་མོ་ལགས་གཉིས་ནས་རྒྱ་ནག་གི་བཙན་བཟུང་འོག་ནས་ཉེན་ཁ་ཆེན་པོའི་ངང་རི་ལུང་མང་པོ་བརྒལ་ནས་བྲོས་བྱོལ་དུ་ཡོང་བའི་ཉམས་མྱོང་གསུངས་ཡོད་པ་མ་ཟད། དེ་བཞིན་གནས་མཁར་གསར་བོད་རིགས་ཚོགས་པའི་ཚོགས་གཙོ་ཀླུ་འབུམ་ལགས་ནས་ཀྱང་དཔལ་འབྱོར་འདུ་འགོད་ལས་གཞི་དང་འབྲེལ་བའི་སྐོར་གསུང་བཤད་གནང་།

སྐབས་དེར་བོད་མི་གཞོན་སྐྱེས་ལས་འགུལ་བ་ཞིག་ནས་ཁོང་རྣམ་པའི་སྒེར་གྱི་ལོ་རྒྱུས་དེས་གློག་བརྙན་བལྟས་པའི་མྱོང་བ་གཏིང་ཟབ་ཏུ་བཏང་སོང་ཞེས་འགྲེལ་བརྗོད་གནང་ཡོད། དངོས་བྱུང་གློག་བརྙན་འདི་ནི་གཙོ་བོ་བོད་མི་བཙན་བྱོལ་དུ་བྲོས་ལམ་ནང་པ་ལ་རུ་བྱུང་བའི་དོན་རྐྱེན་སྐོར་ཡིན་པ་དང་། དེའི་ནང་བོད་མི་རྣམས་ནས་རྒྱ་ནག་གི་བཙན་དབང་འོག་ནས་ཐར་བའི་ཆེད་རང་གི་ཚེ་སྲོག་བློས་བཏང་ནས་བྲོས་བྲོལ་དུ་ཡོང་བའི་དཀའ་སྡུག་ཆེ་བའི་འགྲིམ་འགྲུལ་གསལ་སྟོན་བྱེད་ཀྱི་ཡོད།

འདུ་འཛོམས་ཐོག་མི་གྲངས་སུམ་ཅུ་ནས་བཞི་བཅུ་ཙམ་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་བཅར་བ་རྣམས་ནས་དང་བླངས་བོད་དོན་ལས་འགུལ་ཚོགས་པའི་ལས་དོན་ཆེད་དུ་ཞལ་འདེབས་རྒྱ་མི་ཆུང་བ་གནང་ཡོད། ས་གནས་དེ་རུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་ནས་ས་གནས་ཀྱི་ཚོགས་སྡེ་ཁག་དང་། ཚོང་ལས་སྡེ་ཚན། གཙུག་ལག་སློབ་གཉེར་ཁང་སོགས་སུ་ཞུ་གཏུག་ལས་འགུལ་གཞི་རྒྱ་ཆེ་རུ་གཏོང་འཆར་ཡོད་འདུག




Share
Published 9 November 2024 6:52pm
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service